ལེའུ་ཉེར་གཅིག་པ།
གནམ་ས་གསར་པ།
1 སྔོན་གྱི་ནམ་མཁའ་དང༌།
སྔོན་གྱི་ས་གཞི་འདས་ནས་རྒྱ་མཚོའང་མེད་པར་གྱུར་བས་ངས་ནམ་མཁའ་དང་ས་གཞི་གསར་པ་མཐོང༌།
2 ཡང་ངས་གནས་མཆོག་ཡེ་རུ་ཤ་ལེམགྱི་གྲོང་ཁྱེར་གསར་པ་ནི་རང་གི་མག་པའི་དོན་ལ་རྒྱན་གྱིས་བརྒྱན་པའི་བག་མ་དང་འདྲ་བར་དཀོན་མཆོག་གི་ཞིང་ཁམསནས་བབས་པ་མཐོང༌།
3 བཞུགས་ཁྲི་ནས་གསུང་སྐད་ཆེན་པོས་“ལྟོས་ཤིག
དཀོན་མཆོགགི་བཞུགས་གནས་མི་རྣམས་དང་མཉམ་དུ་ཡིན་ཏེ།
ཁོང་ཁོ་ཚོའི་ཁྲོད་དུ་བཞུགས་པར་འགྱུར།
ཁོ་ཚོ་ནི་ཁོང་གི་མི་རྣམས་དང༌།
དཀོན་མཆོག་རང་ཉིད་ཁོ་ཚོ་དང་མཉམ་དུ་བཞུགས་པར་འགྱུར།
4 ཁོ་ཚོའི་མིག་ནས་མཆི་མ་ཐམས་ཅད་ཁོང་གིས་འཕྱི་བར་མཛད།
སྔོན་གྱི་དོན་འདས་ཟིན་པས་འཆི་བ་ཡང་མེད།
མྱ་ངན་ནམ།
ངུ་འབོད་དམ།
ཟུག་ཀྱང་མེད་པར་འགྱུར་རོ་”ཞེས་གསུང་བ་ངས་ཐོས།
5 བཞུགས་ཁྲི་ལ་བཞུགས་མཁན་གྱིས་“ལྟོས་ཤིག
ངས་དོན་ཐམས་ཅད་གསར་དུ་མཛད་བཞིན་ཡོད་”ཅེས་གསུངས་པ་དང༌།
སླར་ཡང་ཁོང་གིས་“ཚིག་འདི་རྣམས་ཡིད་བརྟན་འཕེར་ཞིང་བདེན་པ་ཡིན་པས་བྲིས་ཤིག་”ཅེས་གསུངས།
6 དེ་ནས་ཁོང་གིས་ང་ལ་“བསྒྲུབས་སོ།
ང་ནི་ཨལ་ཕཱ་དང་ཨོ་མེ་གཱསྟེ་ཐོག་མ་དང་མཐའ་མ་ཡིན།
སུ་སྐོམ་པ་དེ་ལ་ངས་དཔག་ཏུ་མེད་པའི་ཚེའི་ཆུ་མིག་ལས་རིན་མེད་དུ་སྟེར་བར་བྱ།
7 སུས་རྒྱལ་བ་ནི་དོན་འདི་རྣམས་ཀྱི་འཛིན་མཁན་དུ་འགྱུར།
ང་ཁོའི་དཀོན་མཆོག་དང་ཁོ་ངའི་བུ་ཡིན་པར་འགྱུར།
8 འོན་ཀྱང་བློ་ཁོག་ཆུང་བའི་མི་དང༌།
དད་པ་མེད་པ་དང༌།
མི་གཙང་སྤྱོད་པ་དང༌།
མི་སྲོག་གཅོད་པ་དང༌།
ལོག་གཡེམ་བྱེད་པ་དང༌།
མཐུ་རྒྱག་པ་དང༌།
ལྷ་རྣམས་ལ་རྟེན་མཁན་དང༌།
རྫུན་ཤོད་མཁན་ཐམས་ཅད་ནི་མེ་འབར་བའི་མུ་ཟིའི་མཚོ་ལ་གནས་དགོས།
དེ་ནི་འཆི་བ་གཉིས་པ་ཡིན་ནོ་”ཞེས་གསུངས་སོ། །
ཡེ་རུ་ཤ་ལེམ་གསར་པ།
9 དེ་ནས་མཐའ་མའི་ཆག་སྒོ་བདུན་གྱིས་གང་བའི་ཕོར་པ་བདུན་ཡོད་པའི་ཕོ་ཉ་བདུན་པོ་ལས་གཅིག་ངའི་རྩར་ཡོང་སྟེ་ངར་“ཤོག་ལ།
ངས་ཁྱོད་ལ་ལུ་གུའི་མནའ་མ་སྟོན་པར་བྱ་”ཞེས་གསུངས།
10 དམ་པའི་ཐུགས་ཉིདཀྱི་དབང་འོག་ཏུ་ཁོང་གིས་ང་རི་ཆེན་མཐོན་པོ་ཞིག་ལ་འཁྲིད་དེ།
གནས་མཆོག་ཡེ་རུ་ཤ་ལེམགྱི་གྲོང་ཁྱེར་དཀོན་མཆོག་གི་ཞིང་ཁམསནས་མར་བབས་པ་ང་ལ་བསྟན་བྱུང༌།
11 དེ་ལ་དཀོན་མཆོགགི་གཟི་བརྗིད་དང་ལྡན་ཞིང༌།
དེའི་འོད་ཟེར་ནི་ནོར་བུ་རིན་པོ་ཆེའམ།
དྭངས་ཤེལ་དམར་པོ་དང་འདྲ་བ་ཡིན།
12 དེ་ལ་ལྕགས་རི་མཐོ་ལ་ཆེ་བ་ཞིག་ཡོད་དེ།
དེ་ལ་རྒྱལ་སྒོ་བཅུ་གཉིས་དང༌།
རེ་རེ་ལ་ཕོ་ཉ་རེ་དང༌།
ཡི་སི་ར་ཨེལགྱི་ཚོ་པ་བཅུ་གཉིས་པོའི་མིང་རྒྱལ་སྒོ་ལ་འཁོད་ཡོད།
13 ཤར་ལྷོ་ནུབ་བྱང་དུ་རྒྱལ་སྒོ་གསུམ་རེ་ཡོད།
14 གྲོང་ཁྱེར་གྱི་ལྕགས་རི་ལ་རྨང་རྡོ་བཅུ་གཉིས་ཡོད་ཅིང༌།
དེ་རྣམས་ལ་ལུ་གུའི་སྐུ་ཚབབཅུ་གཉིས་ཀྱི་མཚན་འཁོད་ཡོད།
15 ང་ལ་གསུང་མཁན་གྱི་ཕོ་ཉ་དེ་ལ་གྲོང་ཁྱེར་དང༌།
དེའི་རྒྱལ་སྒོ་དང་ལྕགས་རི་འཇལ་བའི་ཕྱིར་གསེར་གྱི་ཐིག་ཤིང་ཞིག་ཡོད།
16 གྲོང་ཁྱེར་གྲུ་བཞི་ཡིན་ཏེ།
དེའི་རིང་ཚད་དང་ཞེང་ཚད་གཅིག་མཚུངས་ཡིན།
ཁོང་གིས་ཐིག་ཤིང་གིས་གྲོང་ཁྱེར་བཅལ་ནས་དེའི་རིང་ཚད་དང༌།
ཞེང་ཚད།
མཐོ་ཚད་རྣམས་མཚུངས་ཏེ་སྤྱི་ལེ་ཉིས་སྟོང་བཞི་བརྒྱ་རེ་ཡོད།*
17 ཁོང་གིས་དེའི་ལྕགས་རིའི་ཚད་བཅལ་ནས་སྨི་དྲུག་ཅུ་རེ་དྲུག་ཡིན་ཏེ།
ཚད་དེ་ནི་མིའི་ཚད་ཡིན་ཏེ་ཕོ་ཉའི་ཚད་ཡང་ཡིན།
18 ལྕགས་རི་དེ་ཁྱུང་སྐྱུགས་ཤེས་ཟེར་བའི་ནོར་བུ་རིན་པོ་ཆེ་ཞིང༌།
གྲོང་ཁྱེར་ནི་དྭངས་ཤེལ་ལྟར་གསལ་ལ་ལྷད་མེད་པའི་གསེར་ལས་བཟོས།
19 ལྕགས་རིའི་རྨང་རྡོ་ནི་ནོར་བུ་རིན་པོ་ཆེ་རིགས་ཐམས་ཅད་ཀྱིས་བརྒྱན།
རྨང་རྡོ་དང་པོ་དེ་ཁྱུང་སྐྱུགས།
གཉིས་པ་དབང་སྔོན།
གསུམ་པ་བེལ་སྣབས།
བཞི་པ་མར་གད།
20 ལྔ་པ་གཟི།
དྲུག་པ་གཟི་དམར།
བདུན་པ་སྦི་ཞི་སེར་པོ།
བརྒྱད་པ་ནལ།
དགུ་པ་སྦི་ཞི་དམར་པོ།
བཅུ་པ་ཧྥེ་ཙུའི་ཤེལ་རྡོ།
བཅུ་གཅིག་པ་མ་ནུ་ཧོ་སྨུག་པོ།
བཅུ་གཉིས་པ་དཀར་གོང་གིས་བརྒྱན།
21 རྒྱལ་སྒོ་བཅུ་གཉིས་མུ་ཏིག་བཅུ་གཉིས་ཡིན་ཏེ།
རྒྱལ་སྒོ་རེ་རེ་མུ་ཏིག་གཅིག་ལས་བཟོས།
གྲོང་ཁྱེར་གྱི་གཞུང་ལམ་ལྷད་མེད་པའི་གསེར་ནི་དྭངས་ཤེལ་ལྟར་གསལ།
22 གཙོ་བོ་དཀོན་མཆོགདབང་ཀུན་དང་ལྡན་པ་དང་ལུ་གུ་ནི་གྲོང་ཁྱེར་གྱི་མཆོད་ཁང་ཡིན་པས།
ངས་དེའི་ནང་ལ་མཆོད་ཁང་ཞིག་མ་མཐོང༌།
23 དཀོན་མཆོག་གི་གཟི་བརྗིད་གྲོང་ཁྱེར་དེའི་འོད་ཟེར་ཡིན་ཞིང་དེའི་མར་མེ་ལུ་གུ་ཡིན་པས།
དེ་ལ་ཉི་མའམ་ཟླ་བའི་འོད་ཟེར་མི་དགོས།
24 མི་རིགས་རྣམས་འོད་དེའི་སྒོ་ནས་འཚོ་ཞིང༌།
ས་གཞིའི་རྒྱལ་པོ་རྣམས་ཀྱིས་རང་གི་གཟི་བརྗིད་དེའི་ནང་དུ་འཁྱེར་བར་འགྱུར།
25 དེར་མཚན་མོ་མེད་པས།
གྲོང་ཁྱེར་གྱི་རྒྱལ་སྒོ་རྣམས་ཉིན་གང་པོ་ཕྱེ་བར་འགྱུར།
26 མི་རྣམས་ཀྱིས་མི་རིགས་སོ་སོའི་དཔལ་དང་བཀུར་སྟི་དེའི་ནང་ལ་འཁྱེར་ཡོང༌།
27 མི་གཙང་བའི་རིགས་གང་རུང་ངམ།
བག་མེད་སྤྱོད་པ་དང༌།
རྫུན་ཤོད་མཁན་སུའང་དེའི་ནང་དུ་འགྲོ་བར་མི་སྲིད།
ལུ་གུའི་དཔག་ཏུ་མེད་པའི་ཚེའི་མདོ་ལ་མིང་འཁོད་པ་རྣམས་འབའ་ཞིག་དེའི་ནང་དུ་འགྲོའོ། །