ལེའུ་བཅུ་གཉིས་པ།
བུད་མེད་དང་འབྲུག་གི་སྐོར།
1 ནམ་མཁའ་ལ་ངོ་མཚར་ཅན་གྱི་རྟགས་ཤིག་མཐོང་བར་གྱུར་ཏེ།
བུད་མེད་ཅིག་གོས་ལ་ཉི་མ་གྱོན་པ་དང༌།
རྐང་པའི་འོག་ཏུ་ཟླ་བ་དང༌།
མགོ་ལ་སྐར་མ་བཅུ་གཉིས་ཀྱི་ཅོད་པན་ཡོད།
2 ཁོ་མོ་མངལ་དང་ལྡན་པས་སྐྱེ་ཟུག་བྱུང་བས་ངུ་འབོད་བཏོན།
3 དེ་ནས་ནམ་མཁའ་ལ་ངོ་མཚར་ཅན་གྱི་རྟགས་གཞན་ཞིག་མཐོང་བར་གྱུར་ཏེ།
མགོ་བདུན་དང་རྭ་ཅོ་བཅུ་ཡོད་པའི་འབྲུག་དམར་པོ་ཆེན་པོ་ཞིག་བྱུང་སྟེ།
མགོ་རེ་རེ་ལ་ཅོད་པན་རེ་རེ་ཡོད།
4 དེས་ནམ་མཁའི་སྐར་མ་གསུམ་ཆ་གཅིག་མཇུག་མ་བརྒྱབ་ནས་ས་གཞི་ལ་འཕངས།
ཁོ་མོའི་བུ་དེ་སྐྱེས་རྗེས་ཟ་བའི་ཆེད་དུ་འབྲུག་དེ་མངལ་དང་ལྡན་པའི་བུད་མེད་ཀྱི་མདུན་དུ་བསྡད།
5 ཁོ་མོ་ལ་སྲས་ཤིག་སྐྱེས།
ཁོང་ནི་ལྕགས་རྒྱུག་གིས་མི་རིགས་ཐམས་ཅད་ལ་དབང་སྒྱུར་མཁན་དུ་འགྱུར།
ཁོ་མོའི་སྲས་དེ་དཀོན་མཆོགདང་ཁོང་གི་བཞུགས་ཁྲིའི་མདུན་དུ་ཕྲོགས་ནས།
6 ཁོ་མོ་འབྲོག་སྟོང་དུ་བྲོས།
དེར་ཉི་མ་ཆིག་སྟོང་ཉིས་བརྒྱ་དྲུག་ཅུའི་བར་དུ་གསོ་སྐྱོང་བྱེད་པའི་ཕྱིར་དཀོན་མཆོག་གིས་སྔར་ནས་གནས་ཤིག་བཤམས་པར་མཛད།
7 ཡང་དཀོན་མཆོག་གི་ཞིང་ཁམསསུ་དམག་བྱུང་སྟེ་ཕོ་ཉ་མཆོག་མི་ཀ་ཨེལ་དང་དེའི་ཕོ་ཉ་རྣམས་ཀྱིས་འབྲུག་ལ་དམག་འདྲེན་པ་དང༌།
འབྲུག་དང་དེའི་ཕོ་ཉ་རྣམས་ཀྱིས་འཐབས་ཀྱང༌།
8 ཕམ་ནས་ཕྱིན་ཆད་ཞིང་ཁམས་སུ་གནས་མི་སྲིད་པར་གྱུར།
9 གནའ་བོའི་དུས་ནས་ཡོད་པ།
སྦྲུལ་དང་སཱ་ཏནཞེས་བྱ་བ།
འཇིག་རྟེན་གྱི་མི་རྣམས་ལ་བསླུ་བྲིད་བྱེད་མཁན་འབྲུག་ཆེན་པོ་དེ་རང་གི་ཕོ་ཉ་དང་བཅས་པ་ས་གཞི་ལ་མར་འཕངས།
10 ཡང་དཀོན་མཆོག་གི་ཞིང་ཁམས་ནས་ངས།
ངེད་ཀྱི་དཀོན་མཆོག་གི་དྲུང་དུ་ང་ཚོ་ཡི། །
སྤུན་ཟླ་རྣམས་ལ་ཉིན་མཚན་ཀུན་ཏུ་ནི། །
སྐྱོན་འདོགས་བྱེད་མཁན་དེ་མར་འཕངས་པས་ན། །
ངེད་ཀྱི་དཀོན་མཆོག་གི་ནི་ཐར་དང༌། །
ནུས་སྟོབས་རྒྱལ་སྲིད་ཁོང་གི་མཱ་ཤི་འི། །
དབང་ཆ་འདི་ཡང་འདི་རུ་ཕེབས་པའོ། །
11 སྤུན་ཟླ་རྣམས་ཀྱིས་འཆི་བ་ལ་ཐུག་ཀྱང༌། །
རང་སྲོག་མ་ཆགས་ལུ་གུའི་སྐུ་ཁྲག་དང༌། །
ཁོང་ཚོའི་དཔང་པོ་བྱས་པའི་སྒོ་ནས་ནི། །
སྐྱོན་འདོགས་མཁན་དེ་རྒྱལ་བར་གྱུར་བའོ། །
12 དེར་རྟེན་ནམ་མཁའ་དང་ནི་དེ་ཡི་ནང༌། །
བཞུགས་མཁན་ཐམས་ཅད་དགའ་བར་གྱིས་ཤིག་ཨང༌། །
འོན་ཏེ་ས་གཞི་དང་ནི་རྒྱ་མཚོ་དག །
ཁྱོད་ཚོ་ཡ་རེ་ང་སྟེ་གང་ལགས་ན། །
དུས་ཐུང་ལས་མེད་ཤེས་པའི་བདུད་རྒྱལ་དེ། །
ཁོང་ཁྲོ་ཆེན་པོས་ཁྱོད་ཚོའི་སར་བབས་སོ། །
ཞེས་གསུངས་པའི་སྐད་ཅིག་ཐོས།
13 འབྲུག་གིས་རང་ས་གཞི་ལ་འཕངས་པ་ཤེས་ནས་སྲས་སྐྱེས་པའི་བུད་མེད་དེའི་རྗེས་སུ་བསྙེགས།
14 འོན་ཏེ་སྦྲུལ་གྱི་རྩ་ནས་འབྲོག་སྟོང་དུ་བཤམས་པར་མཛད་པའི་གནས་ལ་འཕུར་བའི་ཕྱིར་ཁོ་མོ་ལ་བྱ་གླག་ཆེན་པོའི་གཤོག་པ་གཉིས་གནང༌།
དེར་ཁོ་མོ་དུས་ཤིག་དང༌།
དུས་རྣམས།
དུས་ཕྱེད་ཀའི་བར་དུ་གསོ་སྐྱོང་འབྱུང་བར་འགྱུར།*
15 ཆུ་ལོག་གི་ནང་ལ་འཁྱེར་བའི་ཆེད་དུ་སྦྲུལ་གྱིས་རང་གི་ཁ་ནས་བུད་མེད་དེའི་རྗེས་སུ་གཙང་པོ་དང་འདྲ་བའི་ཆུ་བཏང་ཡང༌།
16 ས་གཞི་ཡིས་བུད་མེད་དེ་ལ་རོགས་པ་བྱས་ཏེ།
རང་གི་ཁ་ཕྱེ་ཞིང༌།
འབྲུག་གིས་རང་གི་ཁ་ནས་བཏང་བའི་ཆུ་མིད།
17 དེའི་ཕྱིར་འབྲུག་ནི་བུད་མེད་ལ་ཤིན་ཏུ་ཁྲོས་ནས།
ཁོ་མོའི་བུ་རྒྱུད་གཞན་རྣམས་ཏེ།
དཀོན་མཆོག་གི་བཀའསྲུང་ཞིང༌།
ཡེ་ཤུའི་དཔང་པོ་ལ་རྟེན་པ་རྣམས་ལ་དམག་འདྲེན་དུ་ཕར་སོང༌།
དེ་ནས་འབྲུག་ནི་རྒྱ་མཚོའི་འགྲམ་གྱི་བྱེ་མའི་སྟེང་དུ་ལངས་ནས་བསྡད་དོ། །