ལེའུ་བཅུ་པ།
ཕོ་ཉ་ཞིག་དང་ཤོག་སྒྲིལ་ཆུང་ངུའི་སྐོར།
1 ཡང་ངས་དཀོན་མཆོག་གི་ཕོ་དབང་ཆེན་པོ་དང་ལྡན་པ་གཞན་ཞིག་དཀོན་མཆོག་གི་ཞིང་ཁམསནས་འབབ་པ་མཐོང་བྱུང༌།
ན་བཟའ་ལ་སྤྲིན་ཞིག་དང༌།
དབུའི་སྟེང་ལ་འཇའ་གསོལ།
ཞལ་རས་ཉི་མ་དང༌།
ཞབས་ཟུང་མེ་འབར་བའི་ཀ་བ་ལྟར་ཡོད་དེ།
2 ཁོང་གི་ཕྱག་ལ་ཁ་ཕྱེ་ཡོད་པའི་ཤོག་སྒྲིལ་ཆུང་ཆུང་ཞིག་ཡོད།
རང་གི་ཞབས་གཡས་པ་རྒྱ་མཚོ་དང༌།
གཡོན་པ་སྐམ་ས་ལ་བཞག་ནས།
3 སེང་གེའི་ང་རོ་ལྟར་གསུང་སྐད་ཆེན་པོས་འབོད་པའི་རྗེས་སུ་འབྲུག་སྒྲ་བདུན་པོ་བརྒྱབ།
4 འབྲུག་སྒྲ་བདུན་པོས་སྐད་བཏོན་ནས་ངས་འབྲི་བར་བརྩམས་ཏེ།
དཀོན་མཆོག་གི་ཞིང་ཁམས་ནས་གསུང་སྐད་ཅིག་གིས་“འབྲུག་སྒྲ་བདུན་པོས་གསུངས་པ་དེ་རྒྱ་ཡིས་བཏབ་ནས་མ་བྲིས་ཤིག་”ཅེས་གསུངས་པའི་སྐད་ཅིག་ཐོས།
5 ངས་མཐོང་བའི་ཕོ་ཉ་རྒྱ་མཚོ་དང་སྐམ་ས་ལ་བཞེངས་པ་དེས་རང་གི་ཕྱག་གཡས་པ་དཀོན་མཆོག་གི་ཞིང་ཁམས་ཀྱི་ཕྱོགས་སུ་བཏེགས་ཏེ།
6 ཞིང་ཁམས་དང་དེའི་ནང་ཡོད་པ་དང༌།
ས་གཞི་དང་དེའི་ནང་ཡོད་པ་དང༌།
རྒྱ་མཚོ་དང་དེའི་ནང་ཡོད་པ་འགོད་པ་གནང་མཁན་དུས་གཏན་དུ་གནས་པ་ཁོང་དཔང་དུ་བཙུགས་ནས་མནའ་བསྐྱལ་ཏེ་“ད་མི་འགོར་བར།
7 དཀོན་མཆོགགིས་རང་གི་ཞབས་ཕྱི་ལུང་སྟོན་རྣམས་ལ་སྔོན་དུ་བསྒྲགས་པར་མཛད་པ་ལྟར།
ཕོ་ཉ་བདུན་པས་རང་གི་དུང་ཆེན་འབུད་པའི་ཚེ་དཀོན་མཆོག་གི་གསང་བའི་དོན་སྒྲུབ་པར་འགྱུར་”ཞེས་གསུངས།
8 དེ་ནས་དཀོན་མཆོག་གི་ཞིང་ཁམས་ནས་ངས་ཐོས་པའི་གསུང་སྐད་དེས་ཡང་བསྐྱར་ང་ལ་“སོང་ལ།
རྒྱ་མཚོ་དང་སྐམ་ས་ལ་བཞེངས་ཏེ་ཕོ་ཉ་དེའི་ཕྱག་ལ་ཁ་ཕྱེ་ཡོད་པའི་ཤོག་སྒྲིལ་ལེན་ཞིག་”ཅེས་གསུངས་པས།
9 ཕོ་ཉའི་མདུན་དུ་སོང་ནས་ངས་ཤོག་སྒྲིལ་ཆུང་ཆུང་དེ་ང་ལ་གནང་བར་ཞུས།
ཁོང་གིས་ང་ལ་“ལེན་ལ་ཟོ་ཞིག
དེས་ཁྱོད་ཀྱི་ཕོ་བའི་ནང་ཁ་ཏིག་ཏུ་སྒྱུར་ཡང༌།
ཁ་ལ་སྦྲང་རྩི་ལྟར་མངར་མོར་འགྱུར་”ཞེས་གསུངས།
10 དེ་བས་ན་ངས་ཕོ་ཉའི་ཕྱག་ནས་ཤོག་སྒྲིལ་ཆུང་ངུ་དེ་བླངས་ནས་བཟས་པ་དང༌།
ཁ་ལ་སྦྲང་རྩི་ལྟར་མངར་མོ་ཡོད་ཀྱང༌།
བཟས་ནས་ངའི་ཕོ་བའི་ནང་ལ་ཁ་ཏིག་ཏུ་གྱུར།
11 ཁོང་གིས་ང་ལ་“ཁྱོད་ཀྱིས་ཡང་བསྐྱར་མི་རིགས་དང༌།
རྒྱལ་ཁབ།
སྐད་རིགས།
རྒྱལ་པོ་མང་པོའི་སྐོར་ལུང་བསྟན་དགོས་”ཞེས་གསུངས་སོ། །