ལེའུ་བཅུ་གཉིས་པ།
མཱ་ཤི་ཀའི་ནང་ན་ཚེ་གསར་པ།
1 དེའི་ཕྱིར་སྤུན་ཟླ་རྣམས།
དཀོན་མཆོག ་གིས་ཁྱེད་ཚོར་ཐུགས་རྗེ་གནང་བས་ཁྱེད་ཀྱི་ལུས་ནི་གསོན་པོ་དང་དམ་པ།
དཀོན་མཆོག་ཐུགས་མཉེས་པའི་མཆོད་པ་ལྟར་འབུལ་བར་སྐུལ།
དེ་ནི་ཁྱེད་ཚོའི་བདེན་པའི་བསྙེན་བཀུར་ཡིན།
2 འཇིག་རྟེན་འདིའི་བྱེད་ལུགས་ལ་མ་བལྟས་པར་དཀོན་མཆོག་གི་དགོངས་པ་བཟང་པོ་དང༌།
ཁོང་ཐུགས་མཉེས་པ་དང༌།
ཕུན་སུམ་ཚོགས་པ་གང་ཡིན་ཤེས་པའི་ཕྱིར་ཁྱེད་ཀྱི་སེམས་གསར་དུ་སྒྱུར་བའི་ཐོག་ནས་མི་གསར་པར་གྱུར་ཅིག
3 ང་ལ་གནང་བའི་ཐུགས་རྗེའི་སྒོ་ནས་ངས་ཁྱེད་ཚོ་རེ་རེར་རང་མཐོང་ཆེན་པོ་མི་བྱེད་པར་དཀོན་མཆོག་གིས་ཁྱེད་ལ་གནང་བའི་དད་པའི་ཚད་དང་བསྟུན་ཏེ།
རང་ཉིད་ལ་གདེང་འཇོག་འཚམ་པོར་བྱས་ནས་སོམས་ཞེས་བསྒོའོ།
4 ལུས་གཅིག་ལ་ཡན་ལག་མང་པོ་ཡོད་ཅིང༌།
ཡན་ལག་རེ་རེར་ནུས་པ་མི་གཅིག་པ་ཡོད་པ་བཞིན།
5 དེ་ལྟར་ངེད་རྣམས་མི་མང་པོ་ཡོད་ཀྱང་མཱ་ཤི་ཀ འི་ནང་དུ་ལུས་གཅིག་ཏུ་གྱུར་ཞིང༌།
སོ་སོ་ཕན་ཚུན་གྱི་ཡན་ལག་ཡིན།
6 ངེད་རྣམས་ལ་གནང་བའི་ཐུགས་རྗེ་དང་བསྟུན་ཏེ་ང་ཚོ་རེ་རེར་གནང་སྦྱིན་མི་འདྲ་བ་ཡོད།
གལ་སྲིད་མི་ཞིག་གི་གནང་སྦྱིན་དཀོན་མཆོག་གི་བཀའ ་གསུང་པ་ཡིན་ན།
དད་པའི་ཚད་བཞིན་དུ་དེ་སྒྲོགས་དགོས།*
7 ཞབས་ཏོག་པ་ཡིན་ན་ཞབས་ཏོག་སྒྲུབ་དགོས་པ་དང༌།
སློབ་མཁན་ཡིན་ན་སློབ་སྟོན་བྱེད་དགོས།
8 སྐུལ་འདེད་མཁན་ཡིན་ན་སྐུལ་བར་བྱེད་དགོས།
སྦྱིན་པ་གཏོང་མཁན་ཡིན་ན་གཏོང་ཕོད་ཆེ་བའི་ངང་ནས་གཏོང་དགོས།
འགོ་ཁྲིད་ཡིན་ན་འབད་བརྩོན་བྱེད་དགོས།
གཞན་ལ་སྙིང་རྗེ་བྱེད་མཁན་ཡིན་ན་དགའ་བའི་ངང་ནས་དེ་ལྟར་བྱེད་དགོས།
བྱམས་པའི་སྤྱོད་ལམ།
9 བྱམས་པ་ནི་བཅོས་མིན་ཞིག་དགོས།
ངན་པར་སྡང་ཞིང་བཟང་པོ་ཟུངས་ཤིག
10 སྤུན་ལྟར་ཕན་ཚུན་ལ་སྙིང་ནས་བྱམས་པ་བྱོས།
གཅིག་གིས་གཅིག་ལ་བརྩོན་སེམས་ཀྱིས་བཀུར་སྟི་བྱོས་ཤིག
11 བརྩོན་འགྲུས་ཉམས་སུ་མ་འཇུག
བརྩོན་སེམས་དང་ལྡན་པ་གྱིས་ཤིག
གཙོ་བོ ་ལ་ཞབས་ཕྱི་བྱོས།
12 རེ་བ་ལ་བརྟེན་ནས་དགའ།
སྡུག་བསྔལ་མྱོང་དུས་བཟོད་པ་སྒོམ།
སྨོན་ལམ ་ལ་རྟག་ཏུ་གནས་པར་གྱིས་ཤིག
13 དད་ལྡན་རྣམས་ལ་གང་དགོས་པར་རོགས་རམ་བྱེད་ཅིང༌།
མགྲོན་པོ་གང་ཡིན་ལ་སྣེ་ལེན་བྱོས།
14 ཁྱེད་ཚོར་གནོད་འཚེ་བྱེད་མཁན་ལ་བྱིན་གྱིས་རློབས།
ཁོ་ཚོར་དམོད་མོ་མི་བྱེད་པར་བྱིན་གྱིས་རློབས་ཤིག
15 དགའ་བར་བྱེད་མཁན་རྣམས་དང་མཉམ་དུ་དགའ་ཞིང༌།
མྱ་ངན་མཁན་རྣམས་དང་མྱ་ངན་མཉམ་མྱོང་གྱིས་དང༌།
16 ཕན་ཚུན་མཐུན་ནས་གནས་པར་གྱིས་ཤིག
རང་མཐོང་ཆེན་པོ་མི་བྱེད་པར་དམའ་བ་རྣམས་དང་འགྲོགས།
རང་མཁས་པ་ཡིན་པར་མ་རློམས་ཤིག
17 སུ་ལ་ཡང་ངན་པར་ངན་ལན་མ་འཇལ་ཞིག
མི་ཐམས་ཅད་ཀྱི་དྲུང་དུ་ཡ་རབས་བྱེད་ཅིག
18 གལ་ཏེ་སྲིད་ན་གང་ཐུབ་ཅི་ཐུབ་ཀྱིས་མི་ཐམས་ཅད་དང་ཞི་བདེར་གནས་ཤིག
19 གཅེས་པ་རྣམས།
དགྲ་ཤ་ནམ་ཡང་མ་ལེན་ཞིག
དཀོན་མཆོག་གི་ཐུགས་ཁྲོ ་ལ་ཆོལ།
གང་ཡིན་ཞེ་ན།
གསུང་རབ་ཀྱི་མདོ་ལས།
གཙོ་བོས།
ངན་པ་བྱེད་མཁན་རྣམས་ལ་ཆད་པ་གཏོང་རྒྱུ་ཡིན།
ངས་ལན་འཇལ་ལོ་ཞེས་གསུངས།*
20 ཁྱེད་ཀྱི་དགྲ་བོ་ལྟོགས་ན་ཁ་ཟས་དང༌། །
སྐོམ་པས་མནར་ན་བཏུང་བྱ་སྟེར་བར་བྱ། །
དེ་ལྟར་བྱས་ན་དགྲ་བོའི་མགོ་སྟེང་ལ། །
སོལ་བ་དམར་མོའི་མེ་ཁོག་བཞག་པ་ཡིན། །*
21 ངན་པ་ཡིས་འཕམ་པར་མ་འགྱུར་ཏེ་བཟང་པོ་ཡིས་ངན་པ་ཆོམ་ཞིག །