ལེའུ་བཅུ་པ།
1 སྤུན་ཟླ་རྣམས།
ཡ་ཧུ་དཱ་པ་རྣམས་ཐར་བ ར་འགྱུར་བའི་ཆེད་དུ་ངས་སེམས་གཏིང་ནས་དཀོན་མཆོག ་ལ་སྨོན་ལམ ་འདེབས།
2 ཁོ་ཚོར་དཀོན་མཆོག་གི་དོན་ལ་བརྩོན་སེམས་ཡོད་པ་ངས་བདེན་དཔང་བྱེད།
འོན་ཀྱང་དེ་ནི་རྟོགས་པ་ལ་མི་བརྟེན།
3 དཀོན་མཆོག་ལས་འབྱུང་བའི་རྣམ་པར་དག་པར་མཛད་ཐབས་མ་རྟོགས་པས།
ཁོ་ཚོས་ཆོས་ཁྲིམས་སྲུང་བའི་སྒོ་ནས་དྲང་བདེན་དུ་འགྱུར་བར་བརྩོན་ནས་དཀོན་མཆོག་གི་དྲང་བདེན་གྱི་ཐབས་ལམ་དང་ལེན་མ་བྱས།
4 དད་པ་བྱེད་མཁན་ཐམས་ཅད་དཀོན་མཆོག་དང་འབྲེལ་བ་ཡང་དག་པ་འཐོབ་པའི་ཕྱིར་མཱ་ཤི་ཀ ་ནི་ཆོས་ཁྲིམས་ཀྱི་དོན་སྒྲུབ་པར་མཛད་དོ། །
ཐར་པ་ནི་མི་ཐམས་ཅད་ཀྱི་ཕྱིར་ཡིན།
5 ཆོས་ཁྲིམས ་ཀྱི་བཀའ་སྒྲུབ་པར་བརྟེན་པའི་དྲང་བདེན་ཉིད་ཀྱི་སྐོར་ལུང་སྟོན་པ ་མོ་ཤེ ་ཡིས།
ཆོས་ཁྲིམས་ཀྱི་བཀའ་སྒྲུབ་མཁན་དེ་གསོན་པར་འགྱུར་ཞེས་བྲིས།*
6 འོན་ཀྱང་དཀོན་མཆོག ་དང་འབྲེལ་བ་ཡང་དག་པ་འཐོབ་པའི་ལམ་དད་པར་བརྟེན་པ་དེས་དཀོན་མཆོག་གི་ཞིང་ཁམས ་ལ་སུ་འགྲོ་བར་བྱ།
(དེ་ནི་མཱ་ཤི་ཀ ་མར་འཁྲིད་པའི་ཕྱིར་ཡིན་)*
7 ཡང་ན།
གཤིན་པོའི་ཡུལ་ལ་སུ་འགྲོ་བར་བྱ།
(དེ་ནི་མཱ་ཤི་ཀ་ཡར་འཁྲིད་པའི་ཕྱིར་ཡིན་) ཞེས་མ་སེམས་ཞིག་ཅེས་གསུངས།*
8 དོན་དམ་དུ་དེས་འདི་ལྟར་གསུངས་ཏེ།
བཀའ་དེ་ནི་ཁྱོད་དང་ཉེ་སྟེ།
ཁྱོད་ཀྱི་ཁ་དང་སེམས་ལ་བཞུགས་སོ་ཞེས་གསུངས།
བཀའ་དེ་ཅི་ཡིན་ཞེ་ན།
ངེད་རྣམས་ཀྱིས་སྒྲོག་པའི་དད་པའི་བཀའ་ཡིན་ཏེ།*
9 གལ་ཏེ་ཁྱེད་ཀྱིས་ཁ་ཡིས་ཡེ་ཤུ ་གཙོ་བོ ་ཡིན་པ་ཁས་ལེན་བྱས་ཤིང༌།
སེམས་ཀྱིས་ཀྱང་དཀོན་མཆོག་གིས་ཁོང་འཆི་བ་ནས་སླར་གསོན་པ ར་མཛད་པ་དེ་ལ་དད་པ་བྱས་ན།
ཁྱེད་ངེས་པར་ཐར་བ ར་འགྱུར་རོ།
10 གང་ལགས་ཟེར་ན།
སེམས་ནས་དད་པ་བྱེད་པ་ལ་དཀོན་མཆོག་དང་ཡང་དག་པའི་འབྲེལ་བ་འཐོབ་ཅིང༌།
ཁ་ནས་ཁས་ལེན་བྱེད་པ་ལ་ཐར་པ ་འཐོབ།
11 གསུང་རབ་ཀྱི་མདོ་ལས་སུས་ཀྱང་ཁོང་ལ་དད་པ་བྱེད་པ་དེ་སྐྱེངས་པར་མི་འགྱུར་ཞེས་འཁོད།*
12 གང་ཡིན་ཟེར་ན།
དོན་འདིར་ཡ་ཧུ་དཱ་པ་དང་ཡ་ཧུ་དཱ་པ་མིན་པ ་གཉིས་ཀྱི་བར་དུ་དབྱེ་བ་མེད་དེ།
ཐམས་ཅད་ཀྱི་གཙོ་བོ་གཅིག་རང་ཡིན་ཞིང༌།
ཁོང་གི་མཚན་བརྗོད་མཁན་ཐམས་ཅད་ལ་ལྷག་པར་བྱིན་གྱིས་རླབས།
13 གང་ཡིན་ཞེ་ན།
གཙོ་བོའི་མཚན་བརྗོད་མཁན་ཐམས་ཅད་ཐར་བར་འགྱུར་ངེས་ཡིན་ཞེས་བྲིས་པའི་ཕྱིར་རོ།*
14 འོ་ན།
ཁོང་ལ་དད་པ་མ་བྱས་ན་ཇི་ལྟར་བརྗོད།
ཡང་ཅི་ཡང་མ་ཐོས་ན་ཇི་ལྟར་དད།
སྒྲོག་མཁན་མེད་ན་ཁོ་ཚོས་ཇི་ལྟར་ཐོས།
15 མ་མངགས་ན་ཇི་ལྟར་སྒྲོག
མདོ་ལས་འདི་ལྟར་ཏེ།
འཕྲིན་བཟང ་སྒྲོག་མཁན་གྱི་ཞབས་ནི་ཇི་ལྟ་བུ་མཛེས་ཞེས་བྲིས།*
16 འོན་ཀྱང་མི་མང་ཆེ་བས་འཕྲིན་བཟང་ལ་མ་ཉན་ཏེ།
ལུང་སྟོན་པ་ཡེ་ཤ་ཡཱ ་ཡིས།
ཀྱེ་གཙོ་བོ་ལགས།
ང་ཚོའི་འཕྲིན་ལ་སུས་ཡིད་ཆེས་བྱས་པ་ཡིན་ཞེས་བྲིས།*
17 དེའི་ཕྱིར་དད་པ་ནི་གང་ཐོས་པ་ལས་འབྱུང་ཞིང༌།
གང་ཐོས་པ་དེ་མཱ་ཤི་ཀའི་བཀའ་ལས་འབྱུང༌།
18 ཡ་ཧུ་དཱ་པས་ཐོས་མ་མྱོང་ངམ།
ཐོས་སོ།
གང་ཡིན་ཞེ་ན།
དེ་ཚོའི་གསུང་སྐད་ས་གཞི་ཡོངས་སུ་ཁྱབ། །
དེ་ཚོའི་བཀའ་ཚིག་འཛམ་གླིང་ཐ་གྲུར་ཁྱབ། །*
ང་ཡིས་མི་རིགས་མ་ཡིན་པར་བརྟེན་ཁྱོད་ཚོར་ཕྲག་དོག་སློང༌། །
ང་ཡིས་རྨོངས་པའི་མི་རིགས་ལ་བརྟེན་ཁྱོད་ཚོར་ཁོང་ཁྲོ་སློང༌། །*
འཚོལ་མི་མ་ཡིན་པ་ལ་ང་རང་རྙེད། །
མཇལ་འདོད་མེད་པ་རྣམས་ལ་ང་ཡིས་མངོན། །*
བཀའ་ལ་མི་ཉན་རྒོལ་བའི་མི་རྣམས་ལ། །
བསུ་ཕྱིར་ང་ཡིས་ཉིན་གང་ལག་གཉིས་བརྐྱངས། །*
ཞེས་གསུངས་སོ། །