༄༅། །ཡ་ཧུ་དཱ་ཡིས་བྲིས་པའི་འཕྲིན་ཡིག་བཞུགས་སོ། །
ལེའུ་དང་པོ།
འཚམས་འདྲི།
1 ཡེ་ཤུ ་མཱ་ཤི་ཀ འི་ཞབས་ཕྱི་དང༌།
ཡ་ཀོབ ་ཀྱི་ནུ་བོ་ང་ཡ་ཧུ་དཱ་ཡིས།
བོས་པའི་སྤུན་ཟླ་རྣམས་ཏེ་ཡབ་དཀོན་མཆོག ་གི་ཐོག་ནས་གཅེས་པ་དང༌།
ཡེ་ཤུ་མཱ་ཤི་ཀའི་དོན་དུ་བསྲུངས་པ་རྣམས་ལ་འཕྲིན་ཡིག་འདི་ཕུལ་ལོ།
2 སྙིང་རྗེ་དང༌།
ཞི་བདེ་དང༌།
བྱམས་སེམས་ཁྱེད་ཚོ་ལ་རྒྱས་པར་གྱུར་ཅིག
སློབ་དཔོན་རྫུན་མ་རྣམས་ལ་ཉེས་ཆད་ཕོག་པ།
3 གཅེས་པའི་སྤུན་ཟླ་རྣམས།
སྔར་ང་ཚོའི་ཐུན་མོང་གི་ཐར་པ འི་སྐོར་ལ་ངས་ཁྱེད་ཚོར་འབྲི་བའི་བརྩོན་སེམས་ཡོད་ཀྱང༌།
ད་ལན་གཅིག་དུས་ཐམས་ཅད་ཀྱི་ཆེད་དཀོན་མཆོག་གི་མི་རྣམས ་ལ་གཏད་པའི་དད་པའི་ཕྱིར་ཁྱེད་ཚོས་འབད་རྩོལ་བྱེད་དུ་སྐུལ་བར་འབྲི་དགོས་པ་བྱུང༌།
4 རྒྱུ་མཚན་ནི་སྔར་ནས་བྲིས་པ་བཞིན་ཆད་པ་ཕོག་རྒྱུ་ཡིན་པའི་མི་ཁ་ཅིག་ཁྱེད་ཚོའི་ཁྲོད་དུ་གསང་བའི་ངང་ནས་ཞུགས།
ཁོ་ཚོ་ནི་དཀོན་མཆོག ་ལ་མི་ཉན་པ་ཡིན་ཞིང༌།
ང་ཚོའི་དཀོན་མཆོག་གི་ཐུགས་རྗེ་འདོད་ཆགས་ཀྱི་སྙད་འདོགས་སུ་སྒྱུར་མཁན་དང༌།
ངེད་རྣམས་ཀྱི་བདག་པོ་གཅིག་པོ་དང་གཙོ་བོ ་ཡེ་ཤུ ་མཱ་ཤི་ཀ ་ཁས་ལེན་མི་བྱེད་མཁན་ཡིན།
5 ཁྱེད་ཚོས་འདི་ཐམས་ཅད་ལེགས་པར་ཤེས་ཀྱང་ངས་འདི་དྲན་སྐུལ་བྱེད་པར་འདོད་དེ།
སྔར་གཙོ་བོས་ཨེ་ཇེབ ་ཡུལ་ནས་ཁོང་གི་འབངས་མི་བསྐྱབས།
དེའི་རྗེས་སུ་ཁོང་གིས་དད་པ་མི་བྱེད་མཁན་རྣམས་མེད་པར་མཛད།
6 ཡང་དཀོན་མཆོག་གི་ཕོ་ཉ ་ཁ་ཅིག་ནི་རང་གི་གོ་གནས་མི་སྲུང་བར་འོས་པའི་གནས་ལས་བྲལ་བས།
ཁོང་གིས་ཁྲིམས་གཅོད་ཆེན་མོའི་ཉིན་གྱི་ཆེད་དུ་མི་འཇིག་པའི་ལྕགས་ཐག་གིས་བཅིངས་ནས་མུན་ནག་གི་ནང་ལ་བཞག་པར་མཛད།
7 དེ་བཞིན་དུ་སཱ་དོམ ་དང་གྷོ་མོ་ར་དང་མཐའ་འཁོར་གྲོང་ཁྱེར་གྱི་མི་རྣམས་ཀྱིས་མི་དེ་ཚོ་ལྟར་ལོག་གཡེམ་དང་ཚུལ་མིན་གྱི་འདོད་ཆགས་བྱས་པས།
མི་འཇིག་པའི་མེའི་ཆད་པ་ཕོག་པའི་སྒོ་ནས་དཔེ་ཞིག་ཏུ་གྱུར།
8 དེ་ལྟར་དཀོན་མཆོག་ལ་མི་ཉན་པ་དེ་ཚོས་རང་གི་རྨི་ལམ་ལ་བརྟེན་པའི་སྒོ་ནས་སྤྱོད་པ་ངན་པ་བྱས་པས་རང་ལུས་མི་གཙང་བར་བྱེད་ཅིང༌།
དབང་ཆ་ཁས་མི་ལེན།
གཟི་བརྗིད་དང་ལྡན་པ་རྣམས་ལ་སྐུར་བ་འདེབས།
9 འོན་ཀྱང་དཀོན་མཆོག་གི་ཕོ་ཉ་མཆོག་མི་ཀ་ཨེལ་གྱིས་ལུང་སྟོན་པ ་མོ་ཤེ འི་སྐུ་ཕུང་གི་ཕྱིར་བདུད་རྒྱལ་དང་རྩོད་གླེང་བྱེད་པའི་ཚེ།
ཁོ་ལ་སྐུར་བ་འདེབས་པར་མ་ཕོད་དེ།
གཙོ་བོས་ཁྱོད་ལ་བཀའ་བཀྱོན་མཛོད་ཅིག་ཅེས་གསུངས།
10 མི་དེ་ཚོས་གང་མི་ཤེས་པ་ལ་སྨད་ར་གཏོང་ཞིང༌།
བློ་གྲོས་མེད་པའི་དུད་འགྲོ་དང་འདྲ་བར་རང་བཞིན་གྱི་འདོད་པ་ལྟར་སྤྱོད་པ་བྱེད་པའི་རྐྱེན་གྱིས་རང་ཉིད་འཕུང༌།
11 ཁོ་ཚོར་ཡ་རེ་ང༌།
གང་ཡིན་ཟེར་ན།
ཁོ་ཚོ་སྤུན་སྲོག་གཅོད་མཁན་ཀཱ་ཡིན ་གྱི་རྗེས་སུ་འབྲངས་ཤིང༌།
རྒྱུ་ནོར་འཐོབ་པའི་ཕྱིར་ཁོ་ཚོས་ལུང་སྟོན་པ་རྫུན་མ་པཱ་ལཱམ ་གྱི་ནོར་འཁྲུལ་ལམ་ལ་འཛུལ་བ་དང༌།
ངོ་ལོག་བྱེད་མཁན་ཀོ་རཱེ་ཡི་ཟིང་ཆའི་ཁྲོད་དུ་འཇིག་པར་གྱུར།*
12 བག་ལེབ་བགོ་བཤའ་རྒྱག་པར་འཛོམས་པའི་ཚེ་མི་དེ་རྣམས་གཙོག་པའི་དྲི་མ་དང་འདྲ་བ་ཡིན་ཞིང༌།
ངོ་ཚ་ཁྲེལ་མེད་ངང་ནས་ཁྱེད་ཚོ་དང་མཉམ་དུ་ཟ།
ཁོ་ཚོ་ནི་འཛེམ་བག་མེད་པའི་ལུག་རྫི་ལྟར་རང་ཉིད་ཁོ་ན་རྒྱགས་པ་བྱེད།
རླུང་གིས་འདེད་དེ་ཆར་པ་མེད་པའི་སྤྲིན་པ་དང༌།
འབྲས་བུ་མེད་ཅིང་རྩ་བཀོག་བཏང་ནས་ཐེངས་གཉིས་ཤི་བའི་སྟོན་ཀའི་ཤིང་སྡོང་དང་འདྲ་བ་ཡིན།
13 ཁོ་ཚོ་ནི་རྒྱ་མཚོའི་རྦ་རླབས་འཁྲུགས་པ་ལྟར་ངོ་ཚའི་ལྦུ་བ་ཁོ་ན་སྐྱེ།
འཁྱམ་པོ་འདྲ་བའི་སྐར་མ་སྨག་རུམ་ལ་རྟག་པར་གནས་དགོས།
14 ཨ་དམ་གྱི་མི་རབས་བདུན་པ་ཧེ་ནོག་གིས་ཁོ་ཚོའི་སྐོར་ལ་འདི་ལྟར་ལུང་བསྟན་གནང་སྟེ།
ལྟོས་ཤིག
གཙོ་བོ་དང་ཁོང་གི་དམ་པ་སྟོང་ཕྲག་མང་པོ་དང་བཅས་པར་འབྱོན་ཞིང༌།
15 ཁོང་གིས་མི་ཐམས་ཅད་ལ་ཁྲིམས་གཅོད་མཛད་ཅིང༌།
དཀོན་མཆོག་ལ་མི་ཉན་པ་ཐམས་ཅད་ཀྱིས་བྱས་པའི་བྱ་བ་ཐམས་ཅད་དང༌།
དཀོན་མཆོག་ལ་མི་ཉན་པའི་སྡིག་ཉེས ་ཅན་རྣམས་ཀྱིས་ཁོང་ལ་ཞུ་བའི་རྒོལ་ཚིག་ཐམས་ཅད་ཀྱི་ཕྱིར་ཆད་པ་མཛད་པར་འགྱུར་ངེས་སོ་ཞེས་གསུངས།
16 མི་དེ་རྣམས་ནི་མ་རངས་པའི་གཏམ་བྱེད་མཁན་དང༌།
སྐྱོན་འདོགས་བྱེད་མཁན་དང༌།
རང་གི་འདོད་ཆགས་བཞིན་དུ་སྤྱོད་མཁན་དང༌།
རང་བསྟོད་པ་ཡིན།
རང་ལ་ཕན་པའི་ཕྱིར་མི་རྣམས་ལ་ངོ་བསྟོད་བྱེད།
ཉེན་བརྡ་དང་སྐུལ་མ།
17 གཅེས་པའི་སྤུན་ཟླ་རྣམས།
ང་ཚོའི་གཙོ་བོ ་ཡེ་ཤུ ་མཱ་ཤི་ཀ འི་སྐུ་ཚབ ་རྣམས་ཀྱིས་སྔར་སྨྲས་པའི་བཀའ་རྣམས་དྲན་པར་གྱིས་ཤིག
18 ཁོང་ཚོས་དུས་མཐའ་མར་འཕྱ་སྨོད་བྱེད་མཁན་འབྱུང་ཡོང༌།
མི་དེ་ཚོས་རང་གི་ཚུལ་མིན་གྱི་འདོད་ཆགས་བཞིན་སྤྱོད་པ་བྱེད་ཡོང་ཞེས་ཁྱེད་ཚོར་གསུངས།
19 ཁོ་ཚོས་མི་མཐུན་པའི་ཕྱོགས་ཁག་བཟོ་ཞིང༌།
སྡིག་པའི་རང་གཤིས་ཀྱི་དབང་འོག་ཏུ་ཡོད་དེ་དམ་པའི་ཐུགས་ཉིད ་དང་མི་ལྡན།
20 གཅེས་པའི་སྤུན་ཟླ་རྣམས།
ཁྱེད་ཀྱི་དད་པ་ཤིན་ཏུ་དམ་པའི་ཐོག་ནས་རང་ཉིད་ཡར་རྒྱས་གཏོང་དགོས།
དམ་པའི་ཐུགས་ཉིད་ཀྱི་སྒོ་ནས་སྨོན་ལམ ་འདེབས་ཤིང༌།
21 དཀོན་མཆོག ་གི་བྱམས་པ་ལ་གནས་ཏེ།
ངེད་རྣམས་ཀྱི་གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་ཐུགས་རྗེའི་སྒོ་ནས་ང་ཚོར་གནང་རྒྱུ་ཡིན་པའི་དཔག་ཏུ་མེད་པའི་ཚེ ་ལ་རེ་སྒུག་བྱེད།
22 དད་སེམས་ལ་ཐེ་ཚོམ་སྐྱེ་མཁན་དེ་ཚོར་སྙིང་རྗེ་སྐྱེད་དགོས།
23 གཞན་རྣམས་མེའི་ཁྲོད་ནས་བཟུང་སྟེ་སྐྱོབ་ཞིང༌།
ཁ་ཅིག་ལ་འཇིགས་པ་ཡིས་སྙིང་རྗེ་སྐྱེད་དགོས།
འོན་ཏེ་ཁོ་ཚོའི་སྡིག་པའི་རང་གཤིས་ཀྱིས་གཙོག་པ་བྱེད་པའི་གོས་ལ་ཡང་ཐུག་པ་མི་བྱེད།
བསྟོད་པའི་སྨོན་ལམ།
24 ད་ཁྱེད་ལམ་ནོར་བ་ལས་སྐྱོབ་ཐུབ་པ་དང༌།
སྐྱོན་མེད་ཅིང་དགའ་དགའ་སྤྲོ་སྤྲོའི་ངང་ནས་ཁོང་ཉིད་ཀྱི་གཟི་བརྗིད་ཀྱི་སྤྱན་སྔར་གནས་ཐུབ་སྟེ།
25 ངེད་ཀྱི་སྐྱབས་མགོན་དཀོན་མཆོག ་གཅིག་པོ་ཁོང་ལ་ང་ཚོའི་གཙོ་བོ ་ཡེ་ཤུ ་མཱ་ཤི་ཀ ་བརྒྱུད་ནས་གཟི་བརྗིད་དང༌།
རྔམ་བརྗིད།
མངའ་ཐང༌།
དབང་བཅས་དུས་རབས་ཐམས་ཅད་ཀྱི་སྔོན་དང༌།
ད་ལྟ།
རྒྱུན་ནས་རྒྱུན་དུ་ལྡན་པར་གྱུར་ཅིག
ཨ་མེན ། །