ལེའུ་གསུམ་པ།
གཙོ་བོ་སླར་ཕེབས་པའི་སྐོར།
1 གཅེས་པའི་སྤུན་ཟླ་རྣམས།
འདི་ནི་ངས་ཁྱེད་རྣམས་ལ་བྲིས་པའི་འཕྲིན་ཡིག་གཉིས་པ་ཡིན་ཞིང༌།
འཕྲིན་ཡིག་གཉིས་ཀའི་ནང་དོན་ནི་ངས་འབད་པས་ཁྱེད་ཚོར་སེམས་དྲང་པོ་སྐྱེད་དུ་བཅུག་པར་དྲན་སྐུལ་བྱེད་ཆེད་ཡིན།
2 ལུང་སྟོན་དམ་པ་རྣམས་ཀྱིས་སྔར་གསུངས་པའི་བཀའ་དང༌།
གཙོ་བོདང་སྐྱབས་མགོན་གྱིས་སྐུ་ཚབརྣམས་བརྒྱུད་ནས་གནང་བའི་གསུང་དེ་ངས་ཁྱེད་ཚོས་དྲན་པར་འདོད།
3 དང་པོར་འདི་ཤེས་པར་གྱིས་ཤིག
དུས་མཐའ་མ་ལ་བདེན་པར་འཕྱ་སྨོད་བྱེད་མཁན་འབྱུང་བར་འགྱུར།
སྨད་ར་གཏོང་ཞིང་རང་གི་འདོད་ཆགས་བཞིན་དུ་སྤྱོད་པར་བྱེད་དེ།
4 ཁྱེད་ཚོར།
ཡེ་ཤུམཱ་ཤི་འབྱོན་པའི་ཞལ་ཆད་གང་དུ་ཡོད།
མེས་པོ་འདས་པ་ནས་བཟུང་དོན་ཐམས་ཅད་ཇི་ལྟར་འཇིག་རྟེན་བཀོད་པ་ནས་གང་ཡོད་པ་དེ་ལྟར་ད་ལྟའང་མི་འགྱུར་བར་གནས་སོ་ཞེས་ཟེར་ཡོང༌།
5-6 དེ་ལྟར་ཟེར་ན་དཀོན་མཆོག་གི་བཀའཡི་སྒོ་ནས་ནམ་མཁའ་གནའ་སྔ་མོ་ནས་ཡོད་པ་དང༌།
ས་ཡང་ཆུ་ལས་བྱུང་ཞིང་ཆུ་ལ་བརྟེན་ནས་གནས་ཏེ།
དེའི་སྒོ་ནས་གནའ་བོའི་འཇིག་རྟེན་ཆུ་ལོག་གིས་འཇིག་པ་ཡིན་པར་ཁོ་ཚོས་རྐང་བཙུགས་ཏེ་བརྗེད་པར་བྱེད།
7 ཡང་དཀོན་མཆོག་གི་བཀའ་བཞིན་ད་ལྟའི་གནམ་ས་མེ་ཡིས་སྲེག་ཆེད་བཞག་ཡོད།
དེ་གཉིས་ཁྲིམས་གཅོད་པའི་ཉིན་མོ་དང་དཀོན་མཆོག་གི་བཀའ་ལ་མི་ཉན་པ་རྣམས་ལ་མེད་པ་བཟོ་བའི་བར་དུ་བཞག་ཡོད།
8 འོན་ཀྱང་གཅེས་པའི་སྤུན་ཟླ་རྣམས།
གཙོ་བོའི་ཆ་ནས་ཉིན་མོ་གཅིག་ནི་ལོ་སྟོང་དང་འདྲ་བ་ཡིན་ཞིང༌།
ལོ་སྟོང་ནི་ཉིན་མོ་གཅིག་དང་འདྲ་བ་ཡིན་པ་མ་བརྗེད་པ་གྱིས་ཤིག
9 མི་ཁ་ཤས་ཀྱིས་གཙོ་བོས་ཞལ་ཆད་སྒྲུབ་པར་དུས་ཚོད་རིང་པོ་འགོར་བར་སེམས་ཀྱང་དོན་དངོས་ཐོག་དེ་ལྟར་མ་ཡིན།
མི་སུ་ཞིག་ཀྱང་འཇིག་པར་མི་འགྱུར་བར་ཐམས་ཅད་ཀྱིས་སྤྱོད་པ་ངན་པ་རྣམས་སྤངསནས་སེམས་བསྒྱུར་བར་ཁོང་གིས་ཐུགས་ངང་རྒྱུད་རིང་པོས་སྒུག་བཞིན་ཡོད།
10 འོན་ཀྱང་གཙོ་བོའི་ཉིན་མོ་དུས་ངེས་མེད་ཀྱི་རྐུན་མ་དང་འདྲ་བར་ཡོང༌།
དེ་དུས་ནམ་མཁའ་འུར་སྒྲ་དང་བཅས་པར་འདའ་ཞིང༌།
འབྱུང་བ་རྣམས་མེ་ཡིས་འཇིག་པར་འགྱུར།
ས་གཞི་དང་དེའི་སྟེང་གི་དངོས་པོ་ཐམས་ཅད་བསྲེག་པར་འགྱུར།
11 ཐམས་ཅད་དེ་ལྟར་འཇིག་པར་འགྱུར་བས་ཁྱེད་ལ་སྤྱོད་ལམ་བཟང་པོ་དང་ཆོས་སེམས་ཇི་ལྟ་བུ་ཞིག་ཡོད་དགོས།
12 ཁྱེད་ཚོས་དཀོན་མཆོགགི་ཉིན་མོ་རེ་སྒུག་བྱེད་དེ་ཉིན་མོ་དེ་མགྱོགས་པོར་འོང་བའི་ཕྱིར་འབད་བརྩོན་བྱེད་དགོས།
ཉིན་མོ་དེར་ནམ་མཁའ་འབར་ནས་འཇིག་ཅིང༌།
འབྱུང་བ་རྣམས་མེ་ཡིས་ཞུ་བར་འགྱུར།
13 འོན་ཀྱང་ཁོང་གིས་ཞལ་གྱིས་བཞེས་པ་བཞིན་དུ་ནམ་མཁའ་གསར་པ་དང་ས་གཞི་གསར་པ་ཞིག་འབྱུང་བ་ང་ཚོས་རེ་སྒུག་བྱེད།
དེ་ལ་དྲང་བདེན་ཉིད་གནས་པར་འགྱུར།
མཐའ་མའི་སྐུལ་མ།
14 དེའི་ཕྱིར་གཅེས་པའི་སྤུན་ཟླ་རྣམས།
དོན་དེ་ཚོར་རེ་སྒུག་བྱེད་དུས་ཁྱེད་ཚོས་དཀོན་མཆོགགི་དྲུང་དུ་དྲི་མ་མེད་པ་དང༌།
སྐྱོན་བརྗོད་རྒྱུ་མེད་པ།
ཞི་བདེ་དང་ལྡན་པ་ཡིན་པར་བརྩོན་ཅིག
15 དྲན་སྐུལ་བྱེད་དགོས་པར་ངེད་རྣམས་ཀྱི་གཙོ་བོའི་ཐུགས་ངང་རྒྱུད་རིང་པོ་ནི་མི་རྣམས་ཐར་ཐོབ་པའི་གོ་སྐབས་ཡོང་ཆེད་ཡིན།
དེ་ལྟར་ང་ཚོའི་གཅེས་པའི་སྤུན་ཟླ་པའུ་ལུཡིས་ཀྱང་དཀོན་མཆོག་གིས་ཁོང་ལ་གནང་བའི་ཤེས་རབ་བཞིན་དུ་ཁྱེད་ཚོར་བྲིས།
16 ཁོང་གི་འཕྲིན་ཡིག་ཐམས་ཅད་ཀྱི་ནང་དོན་དེ་ཚོའི་སྐོར་བྲིས་ཡོད།
དེའི་ནང་ལ་རྟོགས་པར་དཀའ་བའི་དོན་ཁ་ཤས་ཡོད་དེ།
སློབ་སྦྱོང་བྱེད་མྱོང་མེད་པ་དང་སེམས་བརྟན་པོ་མེད་པ་རྣམས་ཀྱིས་མདོ་གཞན་ལ་གང་བྱེད་པ་ལྟར་དོན་དེ་ཚོ་ལའང་འཁྱོག་བཤད་བྱེད་པས་མཐར་རང་ཉིད་འཇིག་པའི་རྒྱུར་འགྱུར།
17 དེའི་ཕྱིར་གཅེས་པའི་སྤུན་ཟླ་རྣམས།
དོན་དེ་ཚོ་སྔོན་ནས་རྟོགས་ཟིན་པས།
ཁྲིམས་འགལ་བ་རྣམས་ཀྱིས་ནོར་འཁྲུལ་གྱིས་མི་བསླུ་བ་དང༌།
གནས་བརྟན་པོ་མི་བརླག་པའི་ཕྱིར་དོགས་ཟོན་གྱིས་ཤིག
18 ང་ཚོའི་གཙོ་བོ་དང་སྐྱབས་མགོན་ཡེ་ཤུམཱ་ཤི་འི་ཐུགས་རྗེ་དང་རྟོགས་པའི་ནང་རྒྱས་པར་གྱུར་ཅིག
ད་ལྟ་ནས་དུས་ནམ་ཡང་ཁོང་ལ་གཟི་བརྗིད་དང་ལྡན་པར་གྱུར་ཅིག
ཨ་མེན། །