ལེའུ་བཅུ་གསུམ་པ།
བྱམས་པའི་ལམ་གྱི་སྐོར།
1 གལ་ཏེ་ངས་མི་དང་དཀོན་མཆོག་གི་ཕོ་རྣམས་ཀྱི་སྐད་རིགས་སུ་གཏམ་བྱས་ཀྱང་བྱམས་སེམས་མེད་ན།
ང་ནི་སྒྲ་སྐད་ཆེ་བའི་འཁར་རྔ་དང༌།
ཡང་ན་འཁྲོལ་བའི་སྦུབ་ཆལ་དང་འདྲ།
2 གལ་སྲིད་ང་ལ་ལུང་བསྟན་པའི་གནང་སྦྱིན་ཡོད་ཅིང་གསང་བ་དང་ཤེས་བྱ་ཐམས་ཅད་རྟོགས་ལ།
རི་བོ་སྤོ་ནུས་པའི་དད་པ་ཀུན་དང་ལྡན་ཡང༌།
བྱམས་སེམས་མེད་ན།
ང་ནི་ཅིའང་མིན།
3 གལ་ཏེ་དབུལ་པོ་རྣམས་ལ་ངའི་རྒྱུ་ནོར་ཐམས་ཅད་སྦྱིན་ཞིང༌།
ངའི་ལུས་སྲོག་གསོན་སྲེག་བཏང་ནའང༌།
བྱམས་སེམས་མེད་ན།
ང་ལ་ཅིའང་མི་ཕན།
4 བྱམས་པ་ནི་བཟོད་པ་དང་བཀའ་དྲིན་ལྡན་པ།
ཕྲག་དོག་མེད་པ།
རང་བསྟོད་མེད་པ།
ང་རྒྱལ་མེད་པ།
5 མ་རབས་མེད་པ།
རང་དོན་མི་འཚོལ་བ།
སུན་སྣང་མི་སྐྱེ་བ།
འཁོན་འཛིན་མི་འཆང་བ།
6 དྲང་བདེན་མིན་པ་ལ་མི་དགའ་སྟེ་བདེན་པ་ལ་དགའ་བ།
7 དོན་ཐམས་ཅད་ལ་བཟོད་པ།
དོན་ཐམས་ཅད་ལ་ཡིད་ཆེས་པ།
དོན་ཐམས་ཅད་ལ་རེ་བ་བྱེད་པ།
དོན་ཐམས་ཅད་ལ་སྡུག་རུས་བྱེད་པ་ཞིག་ཡིན་ནོ། །
8 བྱམས་པ་ལ་རྫོགས་པའི་མཐའ་མེད་ཀྱང༌།
ལུང་བསྟན་མེད་པར་འགྱུར།
སྐད་རིགས་གཞན་ཤོད་པའི་གནང་སྦྱིན་འགག་པར་འགྱུར།
ཤེས་བྱ་མེད་པར་འགྱུར་རོ།
9 གང་ཡིན་ཞེ་ན།
ང་ཚོས་ཆ་ཤས་ཙམ་ཤེས་ཤིང་ཆ་ཤས་ཙམ་ལུང་དུའང་སྟོན།
10 འོན་ཀྱང་ཡོངས་སུ་རྫོགས་པ་དེ་འོང་བའི་ཚེ་མ་ཚང་བ་མེད་པར་འགྱུར།
11 བྱིས་པའི་དུས་སུ་ངའི་གཏམ་དང༌།
བློ་གྲོས།
བསམ་པ་བྱིས་པ་ལྟར་ཡིན་ལ།
དར་མར་གྱུར་བའི་ཚེ་ངས་བྱིས་པའི་སྤྱོད་ཚུལ་སྤངས།
12 དེ་ལྟར་ད་ལྟ་ང་ཚོས་རབ་རིབ་མེ་ལོང་ལ་ལྟ་བ་ལྟར་གསལ་པོ་མི་མཐོང་ཡང༌།
ཕྱིས་སུ་གདོང་གཏུགས་ནས་མཐོང༌།
ད་ལྟ་ངས་ཆ་ཤས་ཙམ་ལས་མི་ཤེས་ནའང༌།
ཕྱིས་སུ་དཀོན་མཆོགགིས་ང་ཡོངས་སུ་མཁྱེན་པ་ལྟར་ངས་ཀྱང་ཤེས།
13 མདོར་ན།
དད་པ་དང༌།
རེ་བ།
བྱམས་པ་གསུམ་པོ་གནས་ཡོད་ཀྱང༌།
དེ་ཚོའི་ནང་ནས་མཆོག་ཏུ་གྱུར་བ་ནི་བྱམས་པའོ། །