༄༅། །ཡོ་ཧ་ནན་གྱིས་བྲིས་པའི་འཕྲིན་ཡིག་གཉིས་པ་བཞུགས་སོ། །
ལེའུ་དང་པོ།
འཚམས་འདྲི།
1-2 དཀོན་མཆོགགིས་བདམས་པའི་སྐུ་མཁྱེན་མ་དང་ཁོང་གི་སྲས་རྣམས་ལ་ང་ཆོས་ཚོགས་ཀྱི་འགན་འཁུར་བ་ཡིས་འཕྲིན་ཡིག་འདི་ཕུལ་ལོ།
དེ་ཡང་ངེད་རྣམས་ལ་གནས་ཤིང་རྒྱུན་དུ་ཡོད་པའི་བདེན་པ་དེའི་རྐྱེན་གྱིས།
ང་རང་ཙམ་མ་ཟད་བདེན་པ་ཤེས་མཁན་ཐམས་ཅད་ཀྱིས་ཁྱེད་ཚོར་གཅེས་པར་འཛིན།*
3 ཡབ་དཀོན་མཆོག་དང་ཁོང་གི་སྲས་ཡེ་ཤུམཱ་ཤི་ནས་ཐུགས་རྗེ་དང་བཀའ་དྲིན།
ཞི་བདེ་བཅས་བདེན་པ་དང་བྱམས་པའི་སྒོ་ནས་ངེད་རྣམས་དང་ལྡན་པར་འགྱུར།
བདེན་པ་དང་བྱམས་པ།
4 ཡབ་ཀྱིས་ང་ཚོར་བཀའ་གནང་ཡོད་པ་ལྟར་ཁྱེད་ཀྱི་སྲས་ཁ་ཤས་ཀྱིས་བདེན་པ་བཞིན་དུ་སྤྱོད་པར་མཐོང་ནས་ང་ཧ་ཅང་དགའ་པོ་བྱུང༌།
5 ད་ཡང་སྐུ་མཁྱེན་མ།
ངེད་ཀྱིས་གཅིག་གིས་གཅིག་ལ་བྱམས་པ་བྱེད་དགོས་པ་དེ་ཞུ་བ་ཕུལ།
བཀའ་ཁྲིམས་གསར་པ་ཞིག་འབྲི་བ་མིན་ཏེ།
སྔར་ནས་ཡོད་པའི་བཀའ་ཁྲིམས་ཞིག་ཡིན།
6 ཡང་བྱམས་པ་ནི།
ང་ཚོས་ཁོང་གི་བཀའ་ཁྲིམས་བཞིན་དུ་སྤྱོད་པ་དེ་ཡིན་ནོ།
ཁྱེད་ཚོས་སྔར་ནས་ཐོས་པ་ལྟར་ཁོང་གི་བཀའ་ཁྲིམས་ནི་བྱམས་སེམས་བཞིན་དུ་སྤྱོད་དགོས་པ་དེ་ཡིན།
7 གང་ཡིན་ཞེ་ན།
མགོ་སྐོར་གཏོང་མཁན་མང་པོ་འཇིག་རྟེན་དུ་ཐོན་ཡོད།
དེ་ཚོས་ཡེ་ཤུམཱ་ཤི་མིའི་ལུས་བཞེས་ནས་བྱོན་པ་ཁས་ལེན་མི་བྱེད།
ཁོ་ནི་མགོ་སྐོར་གཏོང་བ་དང༌།
མཱ་ཤི་ཀའི་བསྟན་དགྲ་ཡིན།
8 ང་ཚོས་འབད་པས་གང་བསྒྲུབས་པ་དེ་མེད་པར་མི་འགྱུར་བར་དོགས་ཟོན་གྱིས་ཤིག
དེ་ནི་བྱ་དགའ་ཆ་ཚང་འཐོབ་པའི་ཆེད་དུ་ཡིན།
9 སུས་ཀྱང་མཱ་ཤི་ཀ་ནས་བྱུང་བའི་བསྟན་པར་མ་གནས་པར་དེ་ལས་བརྒལ་ན་དཀོན་མཆོགདང་མི་འགྲོགས།
བསྟན་པ་དེར་གནས་ན་ཡབ་སྲས་གཉིས་དང་འགྲོགས།
10 སུ་ཞིག་གིས་བསྟན་པ་འདི་མི་སྟོན་པར་ཁྱེད་ཀྱི་རྩར་ཡོང་ན།
ཁྱེད་ཀྱིས་ཁོ་ཁང་པར་མ་བསུས་ཤིག
སྐད་ཆ་གང་ཡང་མ་ཤོད་ཅིག
11 གང་ལགས་ཤེ་ན།
ཁོ་ལ་སྐད་ཆ་བཤད་པ་དེས་ཀྱང་ལས་ངན་སྤྱོད་པ་ཁོ་དང་མཉམ།
མཐའ་མཇུག་གི་འཚམས་འདྲི།
12 ངས་ཁྱེད་རྣམས་ལ་འབྲི་རྒྱུ་མང་པོ་ཡོད་ཀྱང༌།
ཤོག་བུ་དང་སྣག་ཚ་སྤྱད་ནས་དེ་ལྟར་བྱེད་མི་འདོད།
ང་ཚོ་དགའ་སྤྲོས་ཁེངས་པར་འགྱུར་བའི་ཕྱིར་ཁྱེད་རྣམས་ལ་ངོ་གཏུགས་ནས་གཏམ་གླེང་བྱེད་པར་འདོད།
13 དཀོན་མཆོགགིས་བདམས་པའི་ཁྱེད་ཀྱི་ལྕམ་སྲིང་གི་སྲས་རྣམས་ཀྱིས་ཁྱེད་ལ་འཚམས་འདྲི་ཞུའོ། །*