གླེང་གཞི།
ཁྱེད་ཀྱི་ཕྱག་ལ་ཡོད་པའི་དེབ་འདི་དཀོན་མཆོགགི་དམ་པའི་གསུང་རབལས་ཞལ་ཆད་གསར་པ་ཞེས་ཟེར། དཀོན་མཆོག་གི་དམ་པའི་གསུང་རབ་ནི་འཛམ་གླིང་སྟེང་གི་ཡོད་པའི་དེབ་རྩ་ཆེ་ཤོས་དེ་ཡིན། ཞལ་ཆད་གསར་པ་འདི་ཡིག་སྒྱུར་མཁན་ང་ཚོས་ཁྱེད་ཀྱིས་གང་གི་ཕྱིར་དེབ་འདི་ཀློག་དགོས་པ་དང༌། དེས་ཁྱེད་ལ་བྱིན་རླབས་ཇི་ལྟར་གནང་ཐུབ་པ་གསལ་བཤད་བྱེད་པར་འདོད། དམ་པའི་གསུང་རབ་ནི་བོད་རིགས་ཚུད་པའི་མི་རིགས་ཀུན་ལ་གནང་བའི་དཀོན་མཆོག་གི་བཀའཡིན།
བཀའ་དེ་ཀློག་མཁན་རྣམས་ལ་ཕན་ཐོགས་ཆེན་པོ་འཐོབ་སྲིད། དེའི་རྒྱུ་མཚན་ཡང༌། གཅིག་ནས་དཀོན་མཆོག་གི་བཀའ་ནི་བདེན་པའོ། དེ་མི་ཡིས་བརྩམས་པའི་བསླབ་བྱ་མ་ཡིན་ཏེ། འཇིག་རྟེན་ཁམས་དང་དེར་ཡོད་པ་ཐམས་ཅད་འགོད་གནང་མཁན་བླ་ན་མེད་པའི་དཀོན་མཆོག་གིས་གསུངས་པའི་བཀའ་ཡིན། དེས་ངེད་རྣམས་དང་འཇིག་རྟེན་གྱི་སྐོར་བདེན་པར་གསུངས་པ་དང༌། གཉིས་ནས་དམ་པའི་གསུང་རབ་ནང་དཀོན་མཆོག་དང་འབྲེལ་བ་ཡང་དག་པ་ཇི་ལྟར་འཐོབ་པའི་སྐོར་ང་ཚོས་ཤེས་ཐུབ། བཀའ་དེ་ནི་ང་ཚོས་དཀོན་མཆོག་ལ་དད་པ་བྱས་ནས་ཐར་འཐོབ་ཅིང་དུས་རྒྱུན་དུ་ཞི་བདེ་དང་དགའ་སྤྲོའི་ངང་ནས་ཁོང་དང་འཚོ་བའི་ཆེད་དུ་བྲིས། གསུམ་ནས་དཀོན་མཆོག་གི་བཀའ་ནི་ང་ཚོར་ཕན་པའི་ཆེད་དུ་གནང༌། གཙོ་བོཡེ་ཤུས་“བདེན་པ་ཉིད་ཅི་ཡིན་ཤེས་པའི་སྒོ་ནས་ཁྱེད་ཚོ་སྒྲོལ་བར་འགྱུར་”ཞེས་གསུངས། དཀོན་མཆོག་གི་བཀའ་ལ་མི་རྣམས་སྐྱོབ་པའི་ནུས་མཐུ་ཆེན་པོ་ཡོད། གང་ཡིན་ཟེར་ན། ལས་ངན་གྱི་འབྲས་བུ་ནས་སྒྲོལ་ཐུབ་པས་སོ། དཀོན་མཆོག་གི་བཀའ་ཡིས་ངེད་རྣམས་དམོད་མོའི་མཐུ་དང༌། གདོན་འདྲེ། འཆི་བའི་སོགས་ཀྱི་འཇིགས་པས་མི་ཚུགས། དེས་ལོག་གཡེམ་དང་དྲག་སྤྱོད་ཅིའང་མེད་པར་མི་རྣམས་ཀྱི་ཁྲོད་དུ་ཞི་བདེར་མི་ཚེ་སྐྱེལ་སྟངས་སྟོན། མ་ཟད་དེང་སང་མི་མང་པོས་མི་ཚེ་ནི་དོན་མེད་ཡིན་པར་སེམས་པས་རེ་བ་ཟད། འོན་ཀྱང་དཀོན་མཆོག་གི་བཀའ་ཡིས་ཁོ་ཚོར་རེ་བ་གནང་ཐུབ། གཙོ་བོ་ཡེ་ཤུས་“ཁྱེད་ཡིད་ཐང་ཆད་པ་དང་ཁུར་ཆེན་གྱིས་གནོན་པ་ཐམས་ཅད་ངའི་རྩར་ཤོག ངས་ཁྱེད་ལ་ངལ་གསོ་སྟེར་བར་བྱ། ངའི་གཉའ་ཤིང་འཁུར་ཞིང༌། ང་ལས་ཤེས་པར་གྱིས། ང་ནི་སེམས་དུལ་ཞིང་སྙེམས་ཆུང་ཡིན་པས་ཁྱེད་ཚོའི་སེམས་ལ་ངལ་གསོ་འཐོབ་པར་འགྱུར། རྒྱུ་མཚན་ནི་ངའི་གཉའ་ཤིང་འཇམ་ཞིང་ངའི་ཁུར་ཡང་ཡང་མོ་ཡིན་པས་སོ་”ཞེས་གསུངས། བཞི་ནས་ཡ་ཝེ་དཀོན་མཆོག་གི་དམ་པའི་གསུང་རབ་ནི་མི་ཚང་མས་བཀླགས་ཏེ་ཧ་གོ་བདེ་བའི་ཆེད་དུ་གནང་བས། སྐད་རིགས་གཞན་ཤེས་མཁན་ནམ། ཡང་ན་མཁས་པ་ཡིན་མི་དགོས། སུས་ཀློག་པའམ་ཉན་ནས་ཕན་ཐོགས་ཆེན་པོ་འཐོབ་ཐུབ་བོ། །
དཀོན་མཆོག་གི་དམ་པའི་གསུང་རབ་ནང་འཁོད་པའི་འཕྲིན་བཟངནི་འདི་ལྟར་ཡིན། ཡོངས་སུ་དམ་པའི་དཀོན་མཆོག་གིས་ཉིད་ཀྱིས་མཛད་པའི་མི་རྣམས་ལ་བྱམས་པར་མཛད། འོན་ཀྱང་མི་རྣམས་དམ་པ་མིན་ལ། སྡིག་པའི་རང་གཤིས་ཀྱི་རྐྱེན་པས་མི་རུང་བའི་སྤྱོད་པ་ཡང་ཡང་བྱེད། ངེད་རྣམས་ཀྱིས་དཀོན་མཆོག་རྩིས་མེད་དུ་གཏོང༌། ངེད་ཚོ་ནི་ངན་པ་ཀུན་དང༌། སེར་སྣ། ངན་སྤྱོད། ཕྲག་དོག མི་སྲོག་གཅོད་པ། འཁྲུག་རྩོད། མགོ་སྐོར། གནོད་སེམས་སོགས་ཀྱིས་གང་ཞིང༌། རྒྱབ་བཤད་རྒྱག་མཁན་དང༌། སྨད་ར་གཏོང་མཁན། དཀོན་མཆོག་ལ་སྡང་མཁན། རང་མཐོང་ཅན། ང་རྒྱལ་ཅན། རང་བསྟོད་བྱེད་མཁན། ངན་ཐབས་འཚོལ་མཁན། ཕ་མའི་བཀའ་ལ་མི་ཉན་མཁན། ཁ་དན་ཚིག་ལ་མི་གནས་པ། བྱམས་སེམས་མེད་པ། སྙིང་རྗེ་མེད་པ་བཅས་ཡིན། འཇིག་རྟེན་འདིར་གཟིགས་དང༌། དེ་ཐམས་ཅད་བདེན་པ་མིན་ནམ།
སྤྱོད་པ་ངན་པ་དེ་རྣམས་ཀྱི་སྒོ་ནས་ངེད་ཀྱིས་ཡོངས་སུ་དམ་པའི་དཀོན་མཆོག་ལ་ཉིན་ལྟར་ཕོག་ཐུག་གཏོང༌། དེའི་རྐྱེན་གྱིས་ང་ཚོ་ཁོང་དང་འབྲེལ་བ་ཡག་པོ་མེད་པ་མ་ཟད། དཀོན་མཆོག་གི་ཆད་པ་མཛད་འོས་པར་གྱུར་ཡོད། བོད་པའི་གཏམ་དཔེར། ལས་ཀྱིས་དེད་ན་གཡོལ་ཐབས་མེད་ཅེས་པ་ལྟར་ངེད་རྣམས་ལས་ཀྱི་དབང་ནས་ཐར་མི་སྲིད། འོན་ཀྱང་དཀོན་མཆོག་གིས་ལས་དབང་ལས་སྐྱོབ་པའི་ཐབས་ལམ་ཞིག་མཛད། དེ་ནི་མིའི་རིགས་དང་བླ་ན་མེད་པའི་དཀོན་མཆོག་བར་གྱི་འདུམ་སྒྲིག་གནང་མཁན་གཙོ་བོ་ཡེ་ཤུ་མཱ་ཤི་ལ་དད་པ་བྱེད་པ་དེ་ཡིན། གཙོ་བོ་ཡེ་ཤུས་མི་རྣམས་དང་དཀོན་མཆོག་གི་འབྲེལ་བ་སླར་གསོ་མཛད་པ་མ་ཟད། སྤྱོད་པ་ངན་པ་རྣམས་ཀྱི་ཆད་པ་ལས་ང་ཚོ་སྐྱོབ་པར་མཛད་ཅིང༌། ཞི་བདེ་དང་དགའ་བའི་ངང་ནས་དཀོན་མཆོག་དང་རྒྱུན་དུ་གནས་ཐུབ་པའི་ཐབས་ལམ་མཛད། དེ་ནི་དམ་པའི་གསུང་རབ་ཀྱི་འཕྲིན་བཟང་ཡིན།
དཀོན་མཆོག་གིས་འཕྲིན་བཟང་དེ་འདི་ལྟར་མངོན་པར་མཛད། བོད་ཀྱི་ལོ་རྒྱུས་ཡི་གེར་མ་བཀོད་པའི་སྔོན་གྱི་དུས་རབས་མང་པོར་དཀོན་མཆོག་གིས་ཡི་སི་ར་ཨེལཞེས་ཟེར་བའི་མི་རིགས་ཤིག་བརྒྱུད་ནས་རང་ཉིད་མིའི་རིགས་ལ་མངོན་པར་དགོངས། ཡི་སི་ར་ཨེལ་པ་རྣམས་ལ་ཡ་ཧུ་དཱ་པ་ཡང་ཟེར། དཀོན་མཆོག་གིས་ཆེད་དུ་བདམས་གནང་བའི་ལུང་སྟོན་རྣམས་བརྒྱུད་ཡ་ཧུ་དཱ་པའི་མི་རིགསལ་གསུངས། དུས་རབས་བཅུའི་རིང་དཀོན་མཆོག་གིས་ལུང་སྟོན་པ་རེ་རེ་ལ་གསུངས་པ་བཞིན་དུ་ཁོ་ཚོས་དཀོན་མཆོག་གི་གསུང་རྣམས་ནན་ཏན་གྱིས་བྲིས། མདོ་དེ་རྣམས་ལ་རིགས་མི་འདྲ་བ་མང་དུ་ཡོད། དཔེར་ན་འགོད་པ་ཞེས་ཟེར་བའི་མདོ་དང་པོ་ལ་འཇིག་རྟེན་དང་སྡིག་ཉེས། སྡུག་བསྔལ་བཅས་བྱུང་ཚུལ་གྱི་ལོ་རྒྱུས་བྲིས་ཡོད་པ་མ་ཟད། ཡ་ཧུ་དཱ་པའི་མེས་པོ་ཨབ་ར་ཧམདང༌། ཨི་སཱག ཡ་ཀོབཡོ་སེབབཅས་ཀྱི་ལོ་རྒྱུས་ཀྱང་ཡོད། མདོ་དང་པོ་སྟེ་འགོད་པ་ནས་ལྔ་པ་བཀའ་ལུང་བར་གྱི་བསྡུས་མིང་ལ་ཆོས་ཁྲིམསཟེར། གང་ལགས་ཤེ་ན། དེར་དཀོན་མཆོག་གིས་ཡ་ཧུ་དཱ་པ་རྣམས་ལ་གནང་བའི་ཆོས་ཁྲིམས་འཁོད་ཡོད། ཆོས་ཁྲིམས་ཀྱི་མདོ་ལྔ་ཕུད། ལོ་རྒྱུས་ཀྱི་མདོ་བཅུ་གཉིས་དང༌། ཤེས་རབ་ཀྱི་མདོ་ལྔ། ལུང་སྟོན་པའི་མདོ་བཅུ་བདུན་ཡང་ཡོད། དེ་བསྡུས་ན་མདོ་སུམ་ཅུ་སོ་དགུ་ཡོད། མདོ་དེ་རྣམས་ཞལ་ཆད་རྙིང་པ་ཞེས་ཟེར་བའི་མདོ་ཆེན་མོ་གཅིག་ཏུ་བསྡུས། (དེབ་འདིའི་མཇུག་ཏུ་ཞལ་ཆད་རྙིང་པའི་མདོ་རྣམས་ཀྱི་མིང་ཐོ་ལ་གཟིགས་རོགས་)
ཞལ་ཆད་རྙིང་པ་བྲིས་ཚར་རྗེས་ཀྱི་ལོ་ 400 ཙམ་སྟེ་ཀྲུང་གོའི་ཧན་རྒྱལ་རབས་ཀྱི་དུས་སུ་འཛམ་གླིང་གི་སྐྱབས་མགོན་གཙོ་བོ་ཡེ་ཤུ་མཱ་ཤི་ཀ་ཡི་སི་ར་ཨེལ་ཡུལ་དུ་འཁྲུངས། ཁོང་ནི་ཆོས་ཀྱི་སློབ་དཔོན་སྙན་གྲགས་ཆེན་པོ་ཞིག་ཏུ་གྱུར་ནས་ཉེ་གནསམི་བཅུ་གཉིས་བདམས་པར་མཛད། ཁོ་ཚོའི་ནང་ནས་མད་ཐཱཞེས་ཟེར་བའི་ཁྲལ་སྡུད་མཁནཞིག་དང༌། པེ་ཏྲོདང་ཡོ་ཧ་ནནཞེས་ཟེར་བའི་ཉ་པ་གཉིས་ཡོད། སྐུ་ཚབམད་ཐཱ་དང་སྐུ་ཚབ་ཡོ་ཧ་ནན་གྱིས་གཙོ་བོ་ཡེ་ཤུའི་སྐུ་ཚེ་དང་བཀའི་སྐོར་གྱི་མདོ་རེ་རེ་བྲིས། སྐུ་ཚབ་པེ་ཏྲོ་ལ་མར་ཀུཞེས་ཟེར་བའི་ལས་རོགས་ཤིག་ཡོད་ཅིང༌། ཁོང་གིས་ཀྱང་གཙོ་བོ་ཡེ་ཤུའི་རྣམ་ཐར་ཞིག་བྲིས། སྟོན་པ་ཡེ་ཤུ་འཆི་བ་ནས་སླར་གསོན་འི་རྗེས་སུ་ཁོང་གིས་མི་རིགས་ཐམས་ཅད་ལ་འཕྲིན་བཟང་སྒྲོག་པའི་ཆེད་དུ་པའུ་ལུཞེས་ཟེར་མཁན་ཞིག་བདམས། སྐུ་ཚབ་པའུ་ལུ་ལ་ལུ་ཀཱ་ཞེས་ཟེར་བའི་ལས་རོགས་ཤིག་ཡོད་དེ། ཁོང་གིས་གཙོ་བོ་ཡེ་ཤུའི་རྣམ་ཐར་དང༌། སྐུ་ཚབ་རྣམས་ཀྱིས་གང་མཛད་པའི་སྐོར་གྱི་མདོ་གཉིས་བྲིས། མད་ཐཱ་དང༌། མར་ཀུ ལུ་ཀཱ ཡོ་ཧ་ནན། སྐུ་ཚབ་རྣམས་ཀྱི་མཛད་པ་ཞེས་ཟེར་བའི་མདོ་ལྔ་ནི་ཞལ་ཆད་གསར་པའི་མདོ་ཁག་དང་པོ་རྣམས་ཡིན།
གཙོ་བོ་ཡེ་ཤུས་རང་གི་ཉེ་གནས་རྣམས་ལ་མི་རིགས་ཐམས་ཅད་སློབ་མར་འཇུག་དགོས་པའི་བཀའ་གནང་བས། དད་ལྡན་པ་གཞན་དང་བཅས་པར་ཁོང་ཚོ་ས་དབུས་རྒྱ་མཚོའི་བརྒྱུད་ཀྱི་རྒྱལ་ཁམས་ལ་ཕེབས། གང་སར་ཕྱིན་ནས་ཁོང་ཚོས་གཙོ་བོ་ཡེ་ཤུའི་འཕྲིན་བཟང་ཁྱབ་བསྒྲགས་མཛད་པས་མི་རྣམས་ཀྱིས་གཙོ་བོ་ཡེ་ཤུ་ལ་དད་པ་བྱས། དད་ལྡན་པ་དེ་རྣམས་ཆོས་ཚོགས་ཞེས་ཟེར་བའི་ཚོགས་ཆུང་ཁག་ནང་འཛོམས། སྐུ་ཚབ་རྣམས་ཀྱིས་ཡི་སི་ར་ཨེལ་ཡུལ་ནས་ཐག་རིང་བའི་ས་ཆ། དཔེར་ན། ག་ལད་ཡཱ་ཡུལ་དང༌། ཨེ་ཕེ་སུདང་ཀོ་ལོ་སུ་གྲོང་ཁྱེར་(དེང་དུས་ཐུར་ཁེ་རྒྱལ་ཁབ་ཏུ་ཆགས་) ཀོ་རིན་ཐུདང༌། ཕི་ལིབ་པཱིཐེ་ས་ལོ་ནི་ཀེཞེས་ཟེར་བའི་གྲོང་ཁྱེར་(དེང་དུས་གྷི་རིག་རྒྱལ་ཁབ་ཏུ་གནས་) དབྱི་ཏ་ལི་ཞེས་པའི་ཡུལ་གྱི་རོ་མཱགྲོང་ཁྱེར་སོགས་སུ་ཆོས་ཚོགས་བཙུགས།
སྐུ་ཚབ་པའུ་ལུ་ཡིས་སྐབས་སྐབས་སུ་ས་ཆ་དེ་ཚོར་སྡོད་མཁན་མཱ་ཤི་ཀ་པ་རྣམས་ལ་འཕྲིན་ཡིག་བཏང༌། པེ་ཏྲོ་དང༌། ཡོ་ཧ་ནན། ཡ་ཀོབ། ཡུ་དཱ་ལ་སོགས་པའི་སྐུ་ཚབ་གཞན་རྣམས་ཀྱིས་ཀྱང་གཙོ་བོ་ཡེ་ཤུ་ལ་དད་མཁན་རྣམས་ལ་འཕྲིན་ཡིག་བྲིས། མདོར་བསྡུས་ན་སྐུ་ཚབ་རྣམས་དང་ཁོང་ཚོའི་ལས་རོགས་ཀྱིས་གཙོ་བོ་ཡེ་ཤུ་དང་ཁོང་གི་ཐར་ལམ་སྐོར་གྱི་མདོ་ལྔ། འཕྲིན་ཡིག་ཉི་ཤུ་རྩ་གཅིག མ་འོངས་པའི་ལུང་བསྟན་ཟེར་བའི་ལུང་བསྟན་གྱི་མདོ་ཞིག་བཅས་བྲིས། མདོ་ཉི་ཤུ་རྩ་བདུན་ཞལ་ཆད་གསར་པའི་ནང་བསྡུས་ཡོད། ངེད་རྣམས་ཀྱིས་དཀོན་མཆོག་གི་སྐོར་གང་ཤེས་དགོས་པ་ཐམས་ཅད་ཞལ་ཆད་རྙིང་པ་དང་གསར་པའི་ནང་འཁོད་ཡོད།
ཐོག་མར་དམ་པའི་གསུང་རབ་ནི་ཨིབ་རི་དང་གྷི་རིག་གི་ཡིག་ལམ་དུ་བྲིས་ཀྱང༌། ད་བར་སྐད་རིགས་བརྒྱ་ཕྲག་མང་པོར་བསྒྱུར་ཟིན། བོད་ཡིག་གི་དམ་པའི་གསུང་རབ་གསར་པ་འདིར་གཙོ་ཆེར་དབུས་གཙང་ཁུལ་དུ་ཁྱབ་བརྡལ་ཆེ་བའི་དེང་རབས་ཀྱི་འབྲི་སྲོལ་སྤྱད་ཅིང༌། ཚིག་སྦྱོར་ཁ་གསལ་ལ་གོ་བདེ་བས་སློབ་ཆུང་ལོ་རིམ་བཞི་པ་ཡན་གྱི་བོད་སྐད་ཡིག་སློབ་གཉེར་བ་ཚོས་བལྟ་ཀློག་བྱ་རྒྱུར་འཚམ་པོ་ཡོད། འདི་ཉིད་ལྷ་སར་བསྒྱུར་བར་འཛམ་གླིང་མཐའ་གྲུ་གསལ་བའི་འོད་སྣང་ཞེས་བྱ་བའི་མིང་བཏགས། ཁྱེད་ཀྱིས་གཙོ་བོ་ཡེ་ཤུ་མཱ་ཤི་ཀ་ད་དུང་མཁྱེན་འདོད་ན། www.gsungrab.org དྲ་ཚིགས་ལ་གཟིགས་རོགས། དེར་གསུང་རབ་ཀྱི་ངོ་སྤྲོད་དང༌། སྐད་ཡིག་སློབ་སྦྱོང༌། དེ་མིན་རྒྱུ་ཆ་གཞན་བཅས་རིན་མེད་དུ་ཕབ་ལེན་གནང་ན་ཆོག
ཁྱེད་དམ་པའི་གསུང་རབ་ཀློག་མ་མྱོང་ན། ཞལ་ཆད་གསར་པའི་མདོ་ཁག་དང་པོ་རྣམས་ལས་མད་ཐཱ་དང༌། ཡང་ན་མར་ཀུ ལུ་ཀཱ ཡོ་ཧ་ནན་ཞེས་ཟེར་བའི་འཕྲིན་བཟང་ཞིག་ཀློག་རོགས་གནང༌། མི་གཞན་དང་མཉམ་དུ་ཀློག་པའམ་ཉན་ནས་གང་ཐོས་པའི་སྐོར་བགྲོ་གླེང་བྱེད། ཁྱེད་ཀྱིས་དམ་པའི་གསུང་རབ་ཀློག་དུས་མདོ་རེར་ལེའུ་དང་ལེའུ་རེ་རེར་ཨང་གྲངས་ཡོད་པ་གཟིགས་པར་འགྱུར། གསུང་རབ་ཀྱི་ཨང་གྲངས་འཚོལ་བར་རིམ་པ་གསུམ་ཡོད་དེ། དང་པོ་མདོ། དེ་ནས་ལེའུ། དེ་ནས་ཨང་གྲངས་འཚོལ་རྒྱུ། དཔེར་ན་ཡོ་ཧ་ནན་ལེའུ་གསུམ་པ་ཨང་བཅུ་དྲུག་འཚོལ་བར་ཡོ་ཧ་ནན་གྱིས་བྲིས་པའི་འཕྲིན་བཟང་གི་མདོ་རྙེད་རྗེས་ལེའུ་གསུམ་པར་གཟིགས་པ་དང༌། དེ་ནས་ཨང་བཅུ་དྲུག་པར་འཚོལ། དེ་ལྟར་བྱས་ན་གསུང་རབ་ཀྱི་ཨང་གྲངས་གང་རུང་ཞིག་རྙེད་ཐུབ།
དམ་པའི་གསུང་རབ་ཀྱི་ནང་དོན་གསལ་པོ་ཤེས་པའི་ཆེད་དུ་གལ་ཆེ་བ་དང་གོ་དཀའ་བའི་ཚིག་རྣམས་ནི་ཚོས་གཞི་སྔོན་པོ་བཟོས་ཡོད། ཚིག་དེ་རྣམས་དེབ་འདིའི་མཇུག་གི་ཚིག་འགྲེལ་ནང་འཁོད་ཡོད་པས་དེར་གཟིགས་རོགས་གནང༌། ཁྱེད་ཀྱིས་དམ་པའི་གསུང་རབ་བཀླགས་ནས་དཀོན་མཆོག་གིས་ཁྱེད་ལ་ཐར་པའི་བྱིན་རླབས་གནང་བར་ཤོག་ཅིག །
དམ་པའི་གསུང་རབ་འདི་བཞིན་ཡིག་སྒྱུར་མཁན་ངེད་རྣམས་ཀྱིས་མི་ལོ་བཅོ་བརྒྱད་ཀྱི་དུས་ཡུན་སྤྱད་དེ། གྷི་རིག་དང༌། དབྱིན་ཇི། རྒྱ། བོད་སོགས་ཀྱི་ཡིག་རིགས་མི་འདྲ་བའི་དཔྱད་གཞི་དུ་མར་ཁུངས་བཅོལ་ནས་གཟབ་ནན་གྱིས་ཡིག་བསྒྱུར་དང༌། གཤིབ་བསྡུར། ཞུ་དག་བཅས་ལན་མང་པོ་བྱས་ཀྱང༌། ལེགས་སྤེལ་ཉེས་འགོག་བྱ་ཕྱིར་གཟུར་གནས་མཁས་པ་རྣམས་ཀྱིས་བཀའ་སློབ་གནང་བའི་རེ་བ་སྙིང་ཁོང་ནས་ཞུའོ། །
ཡིག་སྒྱུར་མཁན་རྣམས་ཀྱིས།
སྤྱི་ལོ་ 2018 ལོའི་ཟླ་བ་ 2 པར།